མཁན་སྤྲུལ་ཐུབ་བསྟན་ཆོས་འཕེལ་རིན་པོ་ཆེ།
ཆོས་འཕེལ་རིན་པོ་ཆེའི་ཕན་བདེ་ཚོགས་པ།
༄༅།། སྐྱབས་རྗེ་མཁན་སྤྲུལ་དགེ་བཤེས་ཐུབ་བསྟན་ཆོས་འཕེལ་རིན་པོ་ཆེ་དཔལ་བཟང་པོ་མཆོག་ནི་ཕྱི་ལོ་༡༩༨༠ཕྱི་ཟླ་༨ཚེས་༨ཉིན་བོད་མདོ་ཁམས་ཝ་ཤུལ་གསེར་རྟ་དཀྱིལ་མགོ་པའི་དཔོན་ཚང་ཞིག་ཏུ་སྐུ་འཁྲུངས།
དགུང་གྲངས་བརྒྱད་ཐོག་ཝ་ཤུལ་གསེར་རྟ་སེ་ར་དགོན་དུ་ཆོས་ཞུགས་གནང་ནས་༸སྐྱབས་རྗེ་སྤྲུལ་སྐུ་རིན་ཆེན་ཕྲེང་བ་དང་། མཁན་ཆེན་༸རྗེ་གྲགས་པ་རྒྱ་མཚོ་གཉིས་གཉིས་ཀྱི་དྲུང་ནས་ལམ་རིམ་བློ་སྦྱོང་དང་སྔོན་འགྲོ་སོགས་ལ་གསན་བསམ་མཛད་པ་མ་ཟད་༸སྐྱབས་རྗེ་སེ་ར་ཡང་སྤྲུལ་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མས་དགོན་དེ་བླ་རྒྱའི་མཁན་པོ་ཀར་ཆོས་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད།
ཕྱི་ལོ་༡༩༩༨ལོར་འཕགས་ཡུལ་དུ་ཕེབས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཞལ་མཇལ་རྗེས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕེབས་ནས་༸སྐྱབས་གནས་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་དུ་མ་མཉེས་པ་གསུམ་གྱིས་བསྟེན་གནང་མཛད་དེ་བསྡུས་རྟགས་བློ་གསུམ་དང་། ས་ལམ་གྲུབ་དོན་གསུམ། དབུ་ཕར་ཚད་གསུམ་རྣམས་ལ་སྦྱངས་པ་མཐར་སོན་དང་རྩེ་ཕུད་དང་པོ་སོགས་ཀྱི་བྱ་དགའ་གང་མང་བཞེས་པ་མ་ཟད། གདན་ས་ཆེན་པོ་དེ་ནས་དགེ་བཤེས་རྡོ་རམས་པའི་མཚན་རྟགས་བཞེས། ཞོར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་དབུས་རིས་མེད་བླ་ཆེན་དུ་མའི་དྲུང་ནས་བཀའ་གདམས་གཞུང་དྲུག་དང་། དཔལ་སྤྲུལ་སྔོན་འགྲོ། དྭགས་པོ་ཐར་རྒྱན། ལམ་འབྲས་སློབ་བཤད་སོགས་ཀྱི་གཙོས་དབང་ལུང་ཁྲིད་གསུམ་དུ་མ་གསན་པའི་སྐལ་བཟང་གི་གོ་སྐབས་བདག་གིར་བཞེས།
རྒྱ་བལ་འབྲུག་གསུམ་དུ་མི་མང་ལ་ནང་ཆོས་ངོ་སྤྲོད་དང་ལྷག་པར་བོད་པའི་སློབ་གྲྭ་ཁག་གི་ནང་ལྟ་གྲུབ་སློབ་དཔོན་ལོ་ངོ་བརྒྱད་ལྷག་གནང་པ་མ་ཟད། ལེགས་བཤད་ལྗོན་དབང་དང་། བྱིས་པ་དག་ཡིག་གཉིས་ཀྱི་འགྲེལ་བ་དང་། བྱིས་སྒྲུང་བཅུ་ཕྲག་ལྷག དཔེ་སྟོན་ན་ཆུང་གཞས་དེབ། སྙན་རྩོམ་སྣ་ཚོགས་བློ་གསར་དགའ་བ་བསྐྱེད་པའི་དཔལ་ཡོན་དུ་བཞག་གནང་མཛད།
ཕྱི་ལོ་༢༠༡༩ནས་༸སྐྱབས་རྗེ་གདུང་སྲས་དགའ་རབ་རིན་པོའི་ཐུགས་བཞེད་བཞིན་གནས་མཆོག་མཚོ་པདྨ། མ་ན་ལི། ལ་དྭགས་བཅས་སུ་བདུད་འཇོམས་ཁྲོས་མ་ཉམས་ལེན་པ་གསར་འཛུགས་དང་། ལ་དྭགས་ལམ་བསྟན་དཔེ་གསར་སློབ་གྲྭའི་འགན་འཛིན་གནང་ཞོར། སློབ་གྲྭ་ནང་དུ་གུ་རུ་ལྷ་ཁང་དང་། དཔེ་མཛོད་ཁང་གསར་རྒྱག སློབ་ཕྲུག་དང་མི་མང་རྣམས་ལ་ནང་ཆོས་ངོ་སྤྲོད་སོགས་ཀྱི་མཚོན་བསྟན་འགྲོའི་དོན་ཆེན་གྱི་དུས་འདའ་བཞིན་པ་ལགས།